RSS Amplifier

The Nomad Chronicles · Aug 14, 2026

བོད་མི་ཞིག་ཡིན་པའི་དོད།

0
Sign in to vote or save

Kaydor Aukatsang · The Nomad Chronicles

ཕྱི་ལོ་ ༡༩༢༡ ལོ་རྒྱ་གར་གྱི་བདག་ཉིད་ཆེན་མོ་གྷན་དྷི་མཆོག་གིས་ཏི་ལག་རང་སྐྱོང་མ་དངུལ་ Tilak Swaraj Fund གསོག་སྒྲུབ་ཀྱི་ལས་འགུལ་འགོ་བརྩམས། ལས་འགུལ་དེ་བརྒྱུད་དེ་ཟླ་བ་དྲུག་ཙམ་གྱི་ནང་དུ་ཧིན་སྒོར་ས་ཡ་བཅུ་ཙམ་གྱི་ཞལ་འདེབས་བསྡུ་ཐུབ་པ་བྱུང་། དངུལ་གྲངས་དེ་ད་ལྟའི་དངུལ་གྱི་འཛའ་ཐང་ལྟར་ན་ཧིན་སྒོར་དུང་ཕྱུར་ ༡༠༠ (ཨ་སྒོར་ས་ཡ་ ༡༠༥) ཙམ་ཟིན་ཡོད། མ་དངུལ་དེས་གྷན་དྷི་མཆོག་གི་དབྱིན་གཞུང་ལ་རྒོལ་བའི་འཚེ་མེད་བསྟུན་མེད་ Non-cooperation Moevement ཀྱི་ལས་འགུལ་ཆེན་མོར་འགྲོ་གྲོན་གཏོང་ཐུབ་པ་བྱུང་ཡོད།

དེ་དང་ཆ་མཚུངས། ཕྱི་ལོ་ ༡༩༡༩ ལོར་ཨེ་རི་ཤིའི་རང་བཙན་ལས་འགུལ་ Irish independence movement ཆེད་དུ་མེ་ཤལ་ཁོ་ལིན་གྱིས་མི་མང་ལས་ཞལ་འདེབས་བསྡུས། རྒྱ་ནག་ཏུའང་སཱན་ཡ་སན་གྱིས་ཕྱི་སྡོད་རྒྱ་རིགས་མི་མང་གི་རྩ་ནས་ཞལ་འདེབས་བསྡུས་ཏེ། ཕྱི་ལོ་ ༡༩༡༡ ལོའི་གསར་བརྗེ་ཆེན་མོའི་ལས་འགུལ་སྤེལ། ཕྱི་ལོ་ ༡༩༥༤ ནས་ ༡༩༦༢ བར་ཨལ་ཇི་རིའི་རྒྱལ་ཡོངས་བཅིང་གྲོལ་ཚོགས་པས་ FLN (National Liberation Front) ཧྥ་རན་སི་སོགས་སུ་གནས་བའི་ཨལ་ཇི་རིའི་ཕྱིར་སྡོད་མི་མང་ནས་“གསར་བརྗེའི་དཔྱ་དངུལ་”བསྡུས་ཏེ། ཧྥ་རན་སིའི་མི་སེར་སྤེལ་བའི་རིང་ལུགས་དང་འཐབ་འཛིང་བྱས། ཨ་རིའི་གསར་བརྗེའི་དམག་འཁྲུག་ལའང་མི་མང་གི་ཞལ་འདེབས་དང་མི་སེར་དཀྱུས་མའི་དངུལ་སྐྱིན་སོགས་ཀྱི་རྒྱབ་སྐྱོར་ཆེན་པོ་བྱས།

ཕྱི་ལོ་ ༡༨༩༠ གོ་གྲངས་ལོའི་ནང་དུ་ཁུ་བྷ་ Cuba ཡི་རང་བཙན་འཐབ་རྩོད་པ་ཇོ་སི་མཱར་ཏི་ José Martí ཡིས་སི་པིན་གྱི་བཙན་བཟུང་མཐར་སྐྲོད་གཏོང་རྒྱུའི་ཆེད་ཁུ་བྷའི་ལས་མི་ཚོའི་རྩ་ནས་ཞལ་འདེབས་བསྡུས། སྐབས་དེར་ལས་མི་མང་པོས་རང་གི་ཉིན་གཅིག་གི་གླ་ཆ་རང་བཙན་ལས་འགུལ་གྱི་ཆེད་དུ་ཞལ་འདེབས་ཕུལ་བའི་ལོ་རྒྱུས་བྱུང་ཡོད།

སྤྱིར་རང་དབང་འཐབ་རྩོད་ཀྱི་ལས་འགུལ་སོ་སོའི་བར་ཁྱད་པར་ཆེན་པོ་ཡོད་ཀྱང་། དེ་དག་ཐམས་ཅད་ལ་ཐུང་མོང་གི་ཆ་ཞིག་ཡོད་པ་ནི་མི་མང་དབུལ་ཕྱུག་དབྱེ་བ་མེད་པར་ཚང་མས་རང་རང་གི་ལྕོག་ཚད་ཀྱིས་འཐབ་རྩོད་ལ་མ་དངུལ་གྱི་རྒྱབ་སྐྱོར་ཕུལ་བ་དེ་ཡིན།

འོན་ཀྱང་། བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ནི་དེ་དག་ལས་ལྡོག་སྟེ་འཐབ་རྩོད་ཀྱི་ཆེད་དུ་བོད་མི་རང་གིས་ཞལ་འདེབས་ཕུལ་ནས་མ་དངུལ་གྱིས་རྒྱབ་སྐྱོར་བྱས་པའི་གནས་ཚུལ་ནི་ཧ་ཅང་དཀོན་པོ་ཡིན། ང་ཚོས་ད་བར་འཐབ་རྩོད་ཀྱི་འགྲོ་གྲོན་ཐད་ནས་ཕལ་ཆེ་བར་གཞན་ལ་ལག་པ་བཟེད་ནས་བསྡད་པ་རེད། ཕྱི་ལོ་ ༡༩༧༢ ལོ་ནས་བཟུང་བཙན་བྱོལ་བོད་མི་ཚོས་ལག་དེབ་ལྗང་ཁུ་བརྒྱུད་དེ་དྭང་བླངས་དཔྱ་དངུལ་འབུལ་བའི་ལམ་སྲོལ་ཞིག་ལག་བསྟར་བྱས་དང་བྱེད་མུས་ཡིན་མོད། འོན་ཀྱང་། དཔྱ་དངུལ་གྱི་འབོར་ཆུང་བས་དེས་བོད་མིའི་སྒྲིག་འཛུགས་ཀྱི་ལོ་རེའི་ཡོང་འབབ་ཀྱི་བརྒྱ་ཆ་བཅུ་ཙམ་ལས་ཟིན་མེད་པ་མ་ཟད། ལོ་ཚོད་ཟིན་པའི་བོད་མི་མི་ཉུང་བ་ཞིག་གིས་དཔྱ་དངུལ་དུས་ཐོག་ཏུ་སྤྲོད་ཐུབ་ཀྱི་མེད་ཅིང་ལ་ལ་རྩ་ནས་སྤྲོད་ཀྱི་མེད།

ཅིའི་ཕྱིར་བོད་མི་ཚོས་རང་གི་འཐབ་རྩོད་ཆེད་མ་དངུལ་གཏོང་རྒྱུའི་དུས་ལ་བབས་ཡོད་དམ།

གཞན་བརྟེན་གྱི་དུས་སྐབས་རྫོགས་ཟིན།: ལོ་ངོ་བཅུ་ཕྲག་བདུན་ཙམ་གྱི་རིང་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱིས་བོད་མིའི་རང་དབང་འཐབ་རྩོད་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཀྱི་བདེ་དོན་བཅས་ཀྱི་འགན་འཁྲི་གཉིས་ཀ་ཕྲག་ཏུ་བཞེས་ནས་སྐུ་ལས་ཚད་མེད་བསྐྱོན་ཡོད། ད་ལོ་ཁོང་ཉིད་དགུང་གྲངས་དགུ་བཅུ་གོ་གཅིག་ལ་ཕེབས་ཟིན་པས་ད་ནི་ང་ཚོས་༧གོང་ས་མཆོག་དང་བོད་མིའི་སྒྲིག་འཛུགས་ལ་དྲིན་ལན་འཇལ་རྒྱུའི་དུས་ལ་བབས་ཡོད། མ་ཟད་རང་རེའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཡང་གཞན་བརྟེན་ཅན་མིན་པར་རང་འགན་རང་ཁུར་ཐུབ་པ་ཡིན་ན་དེས་གནས་བབ་གང་དུའང་རང་རེའི་འཐབ་རྩོད་རྒྱུན་གནས་དང་ངར་ཤུགས་ལྡན་པ་ཡོང་བར་ཕན་ཐོགས་ཆེན་པོ་འབྱུང་བར་ངེས།

ཕྱི་འབྲེལ་སྲིད་ཇུས་ཀྱི་གནོན་ཤུགས་ལས་སྐྱོབ་ཐབས།: རྒྱལ་ཁབ་གང་ཡིན་ཡང་དེའི་རྒྱ་ནག་གི་ཕྱོགས་སུ་འཛིན་པའི་ཕྱི་འབྲེལ་སྲིད་ཇུས་ལ་འགྱུར་བ་སྣ་ཚོགས་པ་ཡོང་གི་ཡོད། གལ་ཏེ་ང་ཚོས་འཐབ་རྩོད་ཀྱི་རྒྱབ་རྟེན་ཨ་རི་དང་རྒྱ་གར། ཡུ་རོབ་སྤྱི་མཐུན་སོགས་ལ་བརྟེན་ཆེ་བ་ཡིན་ཚེ་གཞུང་འཛིན་ཚོགས་པ་བརྗེ་འགྱུར་ཐེབས་ཏེ་དེ་དག་དང་རྒྱ་ནག་བར་གྱི་འབྲེལ་ལམ་བཟང་དུ་ཕྱིན་པ་ཡིན་ན། རང་བཞིན་གྱིས་ང་ཚོའི་འཐབ་རྩོད་ཀྱི་ལས་འགུལ་ལ་གནོན་ཤུགས་དང་འགོག་རྐྱེན་ཆེན་པོ་འཕྲད་ངེས་པ་ཡིན། དཔེར་ན་ཕྱི་ལོ་ ༢༠༢༥ ལོར་སྲིད་འཛིན་ཊོམ་གྱིས་དབུ་ཁྲིད་པའི་ཨ་རིའི་གཞུང་འཛིན་གསར་པས་བོད་དོན་རོགས་དངུལ་ཕོན་ཆེན་མཚམས་བཅད་པ་དེར་གྲོས་ཚོགས་ནས་མུ་མཐུད་གནང་དགོས་པའི་གྲོས་ཆོད་བཏང་ཡང་། རོགས་དངུལ་ཕལ་ཆེ་བ་ཨ་རིའི་འཛིན་སྐྱོང་གིས་ད་དུང་བཀག་སྐྱིལ་བྱས་ཡོད། ང་ཚོས་མུ་མཐུད་ཕྱི་ནས་རོགས་སྐྱོར་འཚོལ་རྒྱུ་གལ་ཆེ་ཡང་། ཕྱི་ཁོ་ནར་ལག་པ་བསྲིངས་ནས་མི་འདུག་པར་ནང་ཁུལ་ནས་ཀྱང་འཐབ་རྩོད་ཡུན་གནས་རྒྱུན་སྐྱོང་ཡོང་ཐབས་སུ་མ་དངུལ་གསོག་སྒྲུབ་གནང་དགོས་པ་དུས་ལ་བབས་ཤིང་ཁ་ཚ་དགོས་གཏུག་ཆགས་ཡོད།

རྒྱ་ནག་གི་འཁྱོག་བརྗོད་འགོག་ཐབས།: རྒྱ་ནག་གཞུང་གིས་དུས་རྟག་ཏུ་བོད་མིའི་རང་དབང་འཐབ་རྩོད་ནི་ནུབ་ཕྱོགས་རྒྱལ་ཁབ་ཚོས་ངན་སྐུལ་བྱས་པའི་ལས་འགུལ་ཙམ་ལས་བོད་ལ་རང་དབང་མེད་པའི་གནད་དོན་གང་ཡང་མེད་ཅེས་འཁྱོག་བརྗོད་བྱེད་བཞིན་ཡོད། གལ་ཏེ་ང་ཚོའི་འཐབ་རྩོད་ལས་འགུལ་ལ་བོད་མི་རང་གིས་དཔལ་འབྱོར་གྱི་རྒྱབ་རྟེན་བསྐྲུན་ཐུབ་ཚེ། དེས་རྒྱལ་སྤྱིའི་མིག་མདུན་དུ་ང་ཚོས་རྒྱ་ནག་གི་འཁྱོག་བརྗོད་ཀྱི་རྫུན་རྐུབ་བརྡོལ་ཐུབ་པ་མ་ཟད། ང་ཚོ་ནི་དོན་དམ་པའི་རང་དབང་རྩོད་མཁན་ཞིག་ལས་ཕྱིའི་སྟོབས་ཤུགས་ཤིག་གི་རྗེས་འཇུག་པ་མིན་པའི་བདེན་དཔང་ར་སྤྲོད་ཀྱང་བྱེད་ཐུབ།

འཐབ་རྩོད་ཀྱི་མ་དངུལ་འདང་ངེས་མེད་པ།: ཕྱི་ལོ་ ༡༩༥༩ ལོ་བཙན་བྱོལ་བོད་གཞུང་ངམ་དབུས་བོད་མིའི་སྒྲིག་འཛུགས་བཙུགས་པ་ནས་བཟུང་། སྒྲིག་འཛུགས་ཀྱི་མ་དངུལ་ཕོན་ཆེ་ཤོས་ནི་བཙན་བྱོལ་བོད་མིའི་བདེ་དོན་གྱི་ཆེད་དུ་ནར་གཏོང་བྱས་ཡོད། ང་ཚོ་བཙན་བྱོལ་དུ་གྱར་ནས་མི་ལོ་དྲུག་ཅུ་རེ་བདུན་ཟིན་ཞིང་རྒྱ་བལ་འབྲུག་གསུམ་གྱི་བོད་མིའི་མི་འབོར་ཉུང་དུ་སོང་བ་མ་ཟད་བོད་མི་ཕལ་ཆེ་བ་རང་རང་གི་འཚོ་བའི་ཐད་ནས་རང་སྐྱ་འཕེར་བ་གྱུར་ཡོད་ཀྱང་། སྒྲིག་འཛུགས་ཀྱི་མ་དངུལ་གཏོང་ཕྱོགས་ཐད་ད་དུང་འགྱུར་བ་ཆེན་པོ་ཐེབས་མེད་པར་འགྲོ་གྲོན་བརྒྱ་ཆ་ ༧༠ ཙམ་བཙན་བྱོལ་བོད་མིའི་འཕྲོད་བསྟེན་དང་ཤེས་ཡོན་སོགས། སྤྱི་ཚོགས་བདེ་དོན་གྱི་ཆེད་དུ་གཏོང་གི་ཡོད་པས་། འཐབ་རྩོད་ལས་འགུལ་གྱི་ཆེད་དུ་མ་དངུལ་འདང་ངེས་བ་ཞིག་ལྷག་མེད།

ནུས་ཤུགས་གསར་པ།: ད་ལྟའི་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནི་ཕྱི་ལོ་ ༡༩༥༩ ལོའི་དབུལ་ཞིང་ཕོངས་བའི་བོད་མི་སྐྱབས་བཅོལ་བའི་སྤྱི་ཚོགས་དེ་དང་གཅིག་མཚུངས་རྩ་ནས་མིན། ད་ལྟའི་ཆར་བྱང་ཨ་མི་རི་ཀ་དང་ཡུ་རོབ། ཨོ་གླིང་སོགས་སུ་འབྱོར་བ་དང་ཤེས་ཡོན་ལྡན་ཞིང་། ཆེད་ལས་རང་བཞིན་གྱི་ལས་རིགས་འདྲ་མིན་གཉེར་བཞིན་པའི་བོད་མི་མང་དག་ཅིག་ཡོད་པ་མ་ཟད། རྒྱ་བལ་འབྲུག་གསུམ་དུའང་ཚོང་ལས་སོགས་ཀྱི་ཐད་གྲུབ་འབྲས་མི་དམན་པ་ཐོབ་པའི་བོད་མི་གང་མང་ཞིག་བྱུང་དང་འབྱུང་མུས་ཡིན།

མི་མང་གིས་རང་གི་རང་དབང་འཐབ་རྩོད་ལ་དཔལ་འབྱོར་གྱིས་རྒྱབ་རྟེན་བསྐྲུན་པ་ནི་འགྲོ་ལུགས་ཤིག་ཡིན་པ་ལས་དར་སྲོལ་མེད་པ་ཞིག་རྩ་ནས་མིན་པ་ང་ཚོས་འཛམ་གླིང་གི་ལོ་རྒྱུས་སྣ་ཚོགས་ལས་རྟོགས་ཐུབ། དེར་བརྟེན་བོད་མི་ཚོས་རང་གི་འཐབ་རྩོད་ཀྱི་དབུགས་རྒྱུན་སྐྱོང་ཐུབ་པ་ཙམ་མིན་པར་དུས་དང་མཐུན་པའི་གསོན་ཤུགས་གསར་པ་ཞིག་བསྐྲུན་དགོས་ཚེ་མི་གཞན་གྱི་རྒྱབ་སྐྱོར་དང་རོགས་རམ་ཁོ་ནར་བརྟེན་ནས་འདུག་རྒྱུ་མེད། འཐབ་རྩོད་བུ་ལྟར་སྐྱོང་བ།

བོད་མི་ཚོས་རང་དབང་འཐབ་རྩོད་ནི་རང་གི་ཤ་ནས་སྐྱེས་པའི་ཐུན་མོང་གི་བུ་ཕྲུག་ཅིག་ཡིན་པ་ལྟ་བུར་བལྟ་དགོས། མ་འོངས་པར་ང་ཚོས་རང་གི་བུ་ཕྲུག་དངོས་ལ་ཕ་སྐད་གཙང་མ་ཞིག་དང་། རང་ལ་དབང་བའི་ས་ཁོངས་དང་། ངོ་བོ། ཕྱིར་ལོག་སའི་ཕ་ཡུལ་ཞིག་རྩིས་སྤྲོད་ཐུབ་དང་མི་ཐུབ་ནི་ད་ལྟ་ང་ཚོས་ཐུན་མོང་གི་བུ་ཕྲུག་སྟེ། བོད་ཀྱི་རང་དབང་འཐབ་རྩོད་ཆེད་བློས་གཏོང་ག་ཚོད་ཐུབ་མིན་ལ་ཆེས་ཆེར་རག་ལས་ཡོད།

བོད་མི་ཞིག་ལ་རང་གི་བུ་ཕྲུག་ཆེད་ད་བར་དངུལ་ག་ཚོད་བཏང་བ་ཡིན་ནམ་ཞེས་དྲིས་པ་ཡིན་ན། ལན་གསལ་པོ་རྒྱག་ཐུབ་མཁན་ཧ་ཅང་ཁག་པོ་རེད། གང་ཡིན་ཟེར་ན་ང་ཚོས་འཛེམ་ཟོན་མེད་པར་རང་གི་ཕྲུ་གུའི་ཆེད་དུ་འགྲོ་གྲོན་གཏོང་རྐྱང་བྱེད་ཀྱིན་ཡོད། ལོ་བཅོ་བརྒྱད་ཙམ་གྱི་རིང་ཨ་རིའི་ནང་དུ་བུ་ཕྲུག་ཅིག་གསོ་བར་འགྲོ་གྲོན་ཨ་སྒོར་འབུམ་གཉིས་དང་ཕྱེད་ཀ་ཙམ་གནས་ཀྱི་ཡོད། རྒྱ་གར་དུ་ཧིན་སྒོར་འབུམ་ ༣༠ ནས་ ༤༠ བར་གནས། དབྱིན་ཡུལ་ནས་དབྱིན་སྒོར་འབུམ་གཉིས་དང་ཕྱེད་ཀ་ཙམ་དང་། ཁེ་ན་ཊར་ཁེ་སྒོར་འབུམ་གསུམ་ལ་ཉེ་བ་ཡིན། ཨོ་གླིང་དུ་ཨོ་སྒོར་འབུམ་གསུམ་ཙམ་གནས་ཡོད། འགྲོ་གྲོན་དེ་ནི་རིན་མེད་གཞུང་བཙུགས་སློབ་གྲྭར་འགྲོ་མཁན་གྱི་བུ་ཕྲུག་ཅིག་གི་འགྲོ་གྲོན་གཞི་ལ་བཞག་ནས་བརྩིས་པ་ཞིག་ཡིན།

ང་ཚོས་འཐབ་རྩོད་ནི་རང་གི་བུ་ཕྲུག་ལྟར་སྐྱོང་དགོས་ཞེས་པ་དེས་བོད་མི་ཚང་མས་རང་གི་བུ་ཕྲུག་ལ་ལོ་རེ་བཞིན་འགྲོ་གྲོན་ཕོན་ཆེན་གཏོང་བཞིན་པ་དེ་དང་གཅིག་མཚུངས་འཐབ་རྩོད་ཀྱི་ཆེད་དུ་གཏོང་དགོས་ཞེས་པའི་དོན་མིན་པར། ཕ་མས་རང་གི་བུ་ཕྲུག་གི་ཆེད་དུ་འཛེམ་ཟོན་དང་གནོང་འགྱོད་མེད་པར་བློས་གཏོང་བྱེད་ཐུབ་པའི་བསམ་བློའི་རྩ་དོན་དེ་ལྟ་བུ་ཞིག་ང་ཚོས་རང་གི་འཐབ་རྩོད་ཀྱི་ཕྱོགས་ལའང་ཡོད་དགོས་ཞེས་པའི་དོན་ཡིན།

འཐབ་རྩོད་ཀྱི་ཆེད་དུ་འགྲོ་གྲོན་གཏོང་བ་ནི་ང་ཚོས་རང་གི་བུ་ཕྲུག་གི་དོན་དུ་འགྲོ་གྲོན་གཏོང་བ་དང་ཆ་མཚུངས་ཡིན། འཐབ་རྩོད་བརླག་པ་ཡིན་ཚེ་ང་ཚོས་རྒྱུན་ལྟར་འགྲོ་གྲོན་ཆེན་པོ་གཏོང་སའི་རང་རང་གི་བུ་ཕྲུག་ཚོར་མ་འོངས་པར་རང་གི་སྐད་ཡིག་དང་། ངོ་བོ། ས་ཁོངས་སོགས་རྩིས་སྤྲོད་བྱ་རྒྱུ་མེད་པར་འགྱུར་འགྲོ་ལ། རང་གི་རྒྱལ་ཁབ་ཏུ་ལོག་རྒྱུའི་སྐལ་བའང་འཆར་རྒྱུ་ཁག་པོ་རེད། རྒྱ་ནག་གཞུང་གིས་དབྱིན་ཡིག་ཏུ་ Tibet ཚབ་ཏུ་ Xizang ཟེར་བ་ཨུ་ཚུགས་ཀྱིས་སྤྱད་དེ་ཐ་ན་བོད་ཅེས་པའི་མིག་ཡིག་ཙམ་ཡང་མེད་པར་གཏོང་ཐབས་བྱེད་བཞིན་ཡོད་པས། འཐབ་རྩོད་ཉམས་པ་ཡིན་ན། སྡུག་ན་བོད་ཅེས་པའི་མིང་ཡིག་ཙམ་ཡང་ཤུལ་མེད་དུ་འགྱུར་མི་སྲིད་པ་མིན།

ཁྱོད་ཀྱིས་ཟུངས་ཁྲག་དང་ཚེ་སྲོག་དངུལ་བཅས་ལས་ཅི་ཞིག་འབུལ་ཐུབ་བམ།

ཕྱི་ལོ་ ༢༠༢༦ ལོའི་ཟླ་ ༧ པའི་ཚེས་ ༢ ཉིན་རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་ཨ་རིའི་ནིའུ་ཡོག་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་ཨ་མའི་མདུན་དུ་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་བྱས་ཏེ། རང་ལུས་མེར་སྲེག་གི་ངོ་རྒོལ་ལས་འགུལ་སྤེལ་བས། ཁོང་ནི་ཨ་རི་དང་ནུབ་ཕྱོགས་ཀྱི་ས་སྟེང་ནས་རང་ལུས་མེར་སྲེག་གནང་མཁན་གྱི་བོད་མི་དང་པོ་དེ་ཡིན། ཁོང་གི་རང་སྲེག་ལས་འགུལ་ནི་རྒྱ་ནག་གཞུང་གིས་“མི་རིགས་མཐུན་སྒྲིལ་ཡར་སྐུལ་ཁྲིམས་ཡིག་”ཟེར་བ་ལག་བསྟར་བྱེད་འགོ་བཙུགས་པའི་ཕྱི་ཉིན་ཏག་ཏག་ལ་འཁེལ་ཡོད།

རང་དབང་འཐབ་རྩོད་བྱེད་མཁན་གྱི་མི་རིགས་ཤིག་གི་ངོས་ནས་འཐབ་རྩོད་ལ་རྒྱལ་ཁ་ཐོབ་ཕྱིར་དུ། ཟུངས་ཁྲག་དང་ཚེ་སྲོག ཡང་ན་དངུལ་བཅས་གང་རུང་གི་འགྲོ་གྲོན་གཏོང་དགོས་པ་ནི་ལྡོག་ཏུ་མེད་པ་ཞིག་ཡིན།

ད་བར་བོད་ཕྱི་ནང་གཉིས་ནས་བོད་མི་ ༡༧༠ ལྷག་གིས་སྐུ་ལུས་མེར་སྲེག་བཏང་སྟེ། བོད་དོན་འཐབ་རྩོད་ཆེད་རང་གི་གཅེས་པའི་ལུས་སྲོག་བློས་གཏོང་གནང་ཡོད། དེ་ལྟ་བུའི་བླ་མེད་ཀྱི་བློས་གཏོང་ཐུབ་པའི་སྙིང་སྟོབས་ཡོད་མཁན་ནི་ཧ་ཅང་དཀོན་པོ་རེད། ང་ཚོ་ཚང་མ་དཔའ་བོ་རང་བཙན་བློ་དགའ་སོགས་རྒྱལ་གཅེས་དཔའ་བོ་ཁོང་ཅག་གིས་བདམས་པའི་ལམ་དེར་ཞུགས་མི་ཐུབ་ལ་ཚང་མ་དེར་ཞུགས་དགོས་པའི་ངེས་པའང་མེད། བོད་མི་ཚང་མའི་ཚེ་སྲོག་གི་རིན་ཐང་གཞལ་དུ་མེད་པ་ཡིན་པས་ང་ཚོ་གསོན་པོར་བསྡད་དེ་ཕུགས་རྒྱང་རིང་པོར་རང་དབང་འཐབ་རྩོད་ལ་ཕན་པའི་ཞབས་འདེགས་གཞན་དག་སྒྲུབ་ཐུབ།

༧གོང་ས་མཆོག་གི་བླ་ན་མེད་པའི་དགོངས་བཞེད་འོག་བོད་མིའི་འཐབ་རྩོད་ཀྱི་ངོ་བོ་ནི་འཚེ་མེད་ཞི་བ་དང་། རྒྱ་གཞུང་དང་ལྷན་དུ་ཞི་བའི་གྲོས་མོལ་ལ་བརྟེན་རྒྱུ་དེ་ཁོ་ན་ཡིན་པས། བོད་མིའི་འཐབ་རྩོད་ཆེད་ཟུངས་ཁྲག་གིས་འགྲོ་གྲོན་གཏོང་རྒྱུའི་དྲག་པོའི་གདམ་ཁ་དེ་ང་ཚོས་སྔར་ནས་རིང་དུ་དོར་ཟིན།

གལ་ཏེ་ང་ཚོས་རང་གི་འཐབ་རྩོད་ཆེད་ཟུངས་ཁྲག་དང་ཚེ་སྲོག་གཉིས་ཀ་འབུལ་མ་ཐུབ་ཚེ། ད་ང་ཚོར་གདམ་ག་གཞན་ཞིག་ཡོད་པ་ནི་འཐབ་རྩོད་ཀྱི་རྣོ་ངར་སྤར་བྱེད་དུ་དངུལ་གྱི་འགྲོ་གྲོན་གཏོང་རྒྱུ་དེ་རེད། ང་ཚོས་བོད་རང་བཙན་དང་། ཡང་ན་དབུ་མའི་ལམ་བརྒྱུད་དེ་རྒྱ་ནག་གི་འོག་ཏུ་མིང་དོན་མཚུངས་བའི་རང་སྲིད་རང་སྐྱོང་གཉིས་ལས་གང་ཞིག་རྩོད་པ་ཡིན་ན་ཡང་གཙོ་བོ་འཐབ་རྩོད་ཀྱི་ལས་འགུལདེ་རང་སྐྱར་འཕེར་བ་ཞིག་དང་རྒྱུན་གནས་ཐུབ་པ་ཞིག་ཡོང་བར་རང་ངོས་ནས་མ་དངུལ་གསོག་སྒྲུབ་དགོས་པ་ཧ་ཅང་གལ་ཆེན་ཡིན།

མ་དངུལ་ཟུར་འཇོག

འཐབ་རྩོད་མ་དངུལ་ཆེད་བོད་མི་སུས་ཀྱང་རང་གི་བུ་ཕྲུག་གི་ཆེད་དུ་འགྲོ་གྲོན་གཏོང་བའི་དངུལ་འབོར་དེ་འདྲ་གཏོང་དགོས་དོན་མེད། ཡང་ཞལ་འདེབས་ཐེངས་ཤིག་ཕུལ་ནས་འགྲིག་འགྲོ་དེ་འདྲའང་མིན། ང་ཚོའི་འཐབ་རྩོད་ལ་ཕུགས་རྒྱང་རིང་པོར་ཡུན་གནས་ཐུབ་པའི་དཔལ་འབྱོར་གྱི་རྒྱབ་རྟེན་ཞིག་དགོས་པ་གལ་ཆེ།

ཁྱིམ་ཚང་ཚང་མའི་ནང་དུ་བཟའ་ཆས་ཉོ་བྱེད་དང་། བུན་འཇལ། ཁང་གླ་སོགས་དུས་རྒྱུན་གྱི་འཚོ་བའི་འགྲོ་གྲོན་ཆེད་ཟུར་འཇོག་མ་དངུལ་ཡོད་པ་ཇི་བཞིན། ང་ཚོ་བོད་མི་རྣམས་ཀྱིས་ཟླ་བ་རེ་རེའམ་ཡང་ན་ལོ་རེ་བཞིན་འཐབ་རྩོད་ཀྱི་ལས་འགུལ་སྤེལ་བྱེད་དུ་མ་དངུལ་ཅུང་ཙམ་རེ་ཟུར་འཇོག་ཐུབ་ན་དགེ་མཚན་ཤིན་ཏུ་ཆེ།

བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ནི་ང་ཚོས་དུས་རྟག་ཏུ་རྣོ་ངར་ལྡན་པའི་སྒང་ནས་རྒྱུན་སྐྱོང་བྱ་དགོས་པ་ཞིག་ཡིན་པ་ལས་ཚོར་བ་དྲག་པོ་རྒྱས་ན་མ་གཏོགས་ཁུ་སིམ་འཇོག་རུང་བ་ཞིག་རྩ་ནས་མིན། བོད་མི་ཞིག་ཡིན་ཕྱིན་ཆད་དུ་རང་དབང་འཐབ་རྩོད་བྱེད་རྒྱུ་ནི་ང་ཚོའི་དོར་དུ་མེད་པའི་འགན་འཁྲི་ཡིན། རང་དབང་འཐབ་རྩོད་ཀྱི་ཆེད་དུ་མི་མང་གི་ངོས་ནས་ཟུར་འཇོག་མ་དངུལ་འདུ་རྒྱུ་དེ་ནི་ཐེབས་རྩ་ཞིག་ལ་ཞལ་འདེབས་ཕུལ་བ་ལྟ་བུ་མིན་པར་ང་ཚོའི་འཐབ་རྩོད་ཡུན་གནས་ཐུབ་པའི་ཐབས་མཆོག་ཅིག་ཡིན་ལ་རང་དབང་དང་བྲལ་བའི་བོད་མི་ཞིག་ཡིན་པའི་དོད་དུ་བརྩི་ཆོག

རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་གི་གཅེས་པའི་ལུས་སྲོག་དེ་ཉིད་ལས་འགུལ་ཆེན་པོ་གཅིག་བརྒྱུད་དེ་བློས་གཏོང་གནང་ཡོད། ང་ཚོར་ཁོང་གི་ཞབས་རྗེས་རྙེག་རྒྱུའི་སྙིང་སྟོབས་དེ་འདྲ་ཞིག་མེད་ནའང་། ཤུལ་ལུས་བོད་མི་ང་ཚོས་རང་དབང་འཐབ་རྩོད་ཀྱི་མ་དངུལ་ཟུར་འཇོག་བྱས་ཏེ། ཕུགས་རྒྱང་རིང་པོར་རང་དབང་འཐབ་རྩོད་ལ་གསོན་ཤུགས་སྤེལ་བྱེད་ཀྱི་མཐུན་སྦྱོར་བསྐྲུན་ཐུབ། མ་མཐའ་ཡང་དེ་ནི་ང་ཚོས་སྒྲུབ་ཐུབ་པ་ཞིག་ཡིན་ལ་ཅིས་ཀྱང་སྒྲུབ་དགོས་པ་ཞིག་ཀྱང་ཡིན།

རང་སྐྱ་འཕེར་བའི་འཆར་རྩིས།

བྱང་ཨ་མི་རི་ཀའི་ཡུལ་དུ་བོད་མི་དར་མ་ ༣༥༠༠༠ ཙམ་དང་། ཡུ་རོབ་ཏུ་ ༢༤༠༠༠ ཙམ། ཨོ་གླིང་སོགས་སུ་ ༢༥༠༠ ཙམ་ཡོད་པར་བརྩིས་ནས། ཁྱོན་ ༦༡༥༠༠ ཙམ་ཟིན་པ་དེ་དག་ལས་བོད་མི་ ༣༥༠༠༠ ཙམ་གླ་ཡོད་མི་སྣར་བརྩི་བར་འོས།

དེ་དག་གིས་རང་དབང་འཐབ་རྩོད་ཀྱི་ཆེད་དུ་ཟླ་རེར་ཨ་སྒོར་ ༥༠ (ཁ་པར་གྱི་དྲྭ་རྒྱའི་འགྲོ་སོང་ཙམ་)རེ་འབུལ་ཐུབ་ན། ལོ་གཅིག་གི་ནང་དུ་ཨ་སྒོར་ས་ཡ་ ༢༡ ཙམ་གསོག་ཐུབ།

དེ་བཞིན་རྒྱ་བལ་འབྲུག་གསུམ་དུ་གནས་པའི་བོད་མི་དར་མའི་གྲངས་འབོར་ ༥༠༠༠༠ ཙམ་ཡོད་པའི་དབང་དུ་བྱས་ན། དེ་དག་ལས་བོད་མི་ ༢༥༠༠༠ ཙམ་གླ་ཡོད་མི་སྣར་བརྩི་འོས། དེ་དག་གིས་ཟླ་རེར་ཨ་སྒོར་ ༢༠ (སྦག་སྦག་གི་སྣུམ་གང་གི་དོད་ཙམ་)རེས་ཞལ་འདེབས་འབུལ་ཐུབ་ཚེ། ལོ་གཅིག་གི་ནང་དུ་ཨ་སྒོར་ས་ཡ་ ༦ ཙམ་གསོག་ཐུབ།

རྩིས་གཞི་དེ་གཉིས་བསྡོམས་པ་ཡིན་བཙམ་བྱོལ་བོད་མི་ཚོས་ལོ་རེར་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལས་འགུལ་ཆེད་ཨ་སྒོར་ ༢༧ ཙམ་བསྡུ་ཐུབ་ཀྱི་ཡོད། དེ་ཡང་ཉུང་རྩིས་བྱས་པ་ཡིན། གལ་ཏེ་བོད་མི་ཚང་མས་མཉམ་རུབ་ཐུབ་པ་དང་ལྷག་པར་དུ་བོད་ནང་ནས་ཀྱང་མཉམ་ཞུགས་ཐུབ་པའི་ལམ་ཁ་ཞིག་རྙེད་ཚེ། མ་དངུལ་དེ་ལས་ཀྱང་མང་བ་བསྡུ་རུབ་ཐུབ།

ལས་འགུལ་འདི་ལག་བསྟར་བྱེད་པར་འགོག་རྐྱེན་གཙོ་བོ་ནི་དངུལ་གྱི་གནད་དོན་མིན། དེ་ནི་བསམ་བློའི་གནད་དོན་ཡིན། ང་ཚོས་རང་གི་འཐབ་རྩོད་ལ་མི་གཞན་ཞིག་གིས་མཐུན་རྐྱེན་སྦྱོར་ངེས་རེད་སྙམ་པའི་གཞན་བརྟེན་གྱི་བསམ་བློ་དེ་དོར་དགོས་པའི་དུས་ལ་བབས་ཡོད།

བོད་མིའི་རང་དབང་མ་དངུལ།

རྩ་བའི་ཆ་ནས་བོད་མིའི་རང་འཐབ་རྩོད་ཀྱི་ཆེད་དུ་མ་དངུལ་གང་བསྡུ་རུབ་བྱུང་བ་ཐམས་ཅད་རྩ་འཛུགས་གཅིག་གི་སྟངས་འཛིན་འོག་ཕྱོགས་གཅིག་ཏུ་གསོག་ཐུབ་ན་ལེགས་མོད། འོན་ཀྱང་། རྒྱུ་མཚན་སྣ་ཚོགས་པ་ལ་བརྟེན་ནས་དེ་ནི་ཅུང་ཙམ་དཀའ། ཡང་རང་དབང་མ་དངུལ་གསོག་སྒྲུབ་ཀྱི་ལས་གཞི་འདི་ཁོ་ནའི་ཆེད་དུ་རྩ་འཛུགས་གསར་པ་ཞིག་བསྐྲུན་རྒྱུ་དེ་དགོས་ངེས་ཅན་ཞིག་མིན་ལ་ལག་བསྟར་འོས་པའང་མིན།

མ་དངུལ་བསྡུ་ལུགས་ཀྱི་ཐབས་ལམ་ཞིག་ནི་ས་གནས་ཁག་སོ་སོའི་ཡིད་འཕེར་ཚོགས་པ་ཁག་བརྒྱུད་དེ་བསྡུ་རུབ་བྱ་རྒྱུ་དེ་རེད། ས་གནས་ཚོགས་པ་ཁག་སོ་སོས་རང་དབང་མ་དངུལ་བསྡུ་ཕྱིར་དུ་ཆེད་གཉེར་དངུལ་དེབ་ཕྱེས་ཏེ། ཁོངས་གཏོགས་བོད་མི་རྣམས་ནས་ཟླ་རེའམ་ཡང་ན་ལོ་རེ་བཞིན་མ་དངུལ་བསྡུ་ལེན་བྱེད་དགོས།

དབུས་བོད་མིའི་སྒྲིག་འཛུགས་དང་། བོད་ཀྱི་གཞོན་ནུ་ལྷན་ཚོགས། བོད་རང་བཙན་སློབ་ཕྲུག་ཚོགས་པ། ཨ་རིའི་ནང་གི་རྒྱལ་སྤྱིའི་བོད་དོན་འབྲེལ་མཐུད་ཁང་། ཁེ་ན་ཊའི་བོད་ཀྱི་མཐུན་ཚོགས། ནེའུ་ཡོག་དང་། ཊོ་རན་ཊོ། ཛུ་རིག པེ་རི་སི། བྷུར་སལ། ཨམ་སི་ཊར་ཌེམ། མེལ་བྷོན་བཅས་ཀྱི་བོད་རིགས་སྤྱི་མཐུན་ཚོགས་པ་ཁག་བཅས་ལ་རང་དབང་མ་དངུལ་བསྡུ་རུབ་བྱ་རྒྱའི་ནུས་ཚད་ལྡན་ཡོད།

གལ་ཏེ་རང་གིས་མ་དངུལ་ཚོགས་སྒྲིག་བྱེ་བྲག་ཅིག་གི་ལག་ཏུ་འཇོག་འདོད་མེད་ཚེ། ཐད་ཀར་ལས་འགུབ་བ་མི་སྒེར་དང་ཡང་ན་ལས་འགུལ་གོ་སྒྲིག་ཚོགས་པར་ཕུལ་ཀྱང་ཆོག་པ་ཡིན།

ལས་འགུལ་འདིར་མ་དངུལ་ཐོབ་མཁན་སུ་ཡིན་དེ་གནད་དོན་གཙོ་བོ་མིན་པར་གནད་དོན་གཙོ་བོ་ནི་བོད་ཀྱི་རང་དབང་འཐབ་རྩོད་ལ་བོད་མི་རང་གིས་མཐུན་རྐྱེན་བསྐྲུན་པའི་རྩ་དོན་དེ་ཡིན།

མ་དངུལ་ཟུར་འཇོག་གི་དམ་བཅའ།

ཁྱོད་ཀྱིས་རྩོམ་ཡིག་འདིའི་ནང་དོན་ལ་མོས་མཐུན་ཡོངས་སུ་བྱེད་ཐུབ་ཀྱང་སྲིད་མོད། འོན་ཀྱང་། ཁྱོད་ཀྱིས་འདི་ལ་མོས་མཐུན་གྱི་བསམ་བློ་ཡོད་པ་ཙམ་གྱིས་བོད་དོན་ལ་འགྱུར་བ་གང་ཡང་མི་ཐེབས། གནད་དོན་གཙོ་བོ་ནི་ཁྱོད་ཀྱི་འདི་ལག་བསྟར་ཐུབ་དང་མི་ཐུབ་དེ་ཡིན། ང་ཚོས་འཛེམ་ཟོན་སྤུ་ཙམ་མེད་པར་རང་གི་བུ་ཕྲུག་ལ་ཨ་སྒོར་འབུམ་ཕྲག་མང་པོ་འགྲོ་གྲོན་གཏོང་ཐུབ་ཀྱི་ཡོད་མོད། བོད་འདི་ཡང་ང་ཚོ་ཐུན་མོང་གི་བུ་ཕྲུག་ཡིན་པས། དེའི་ཆེད་དུ་ཁྱོད་ཀྱིས་མ་དངུལ་ཅུང་ཙམ་ཟུར་འཇོག་ཐུབ་བམ།

གལ་ཏེ་ཐུབ་ཚེ་ང་ཚོས་གཤམ་གསལ་ལྟར་དམ་བཅའ་འཇོག་དགོས།

ངས་བོད་ཀྱི་དོན་དུ་རང་གི་ཚེ་སྲོག་འབུལ་བར་མ་ནུས་ལ་འབུལ་རྒྱུའི་རེ་སྐུལ་ཀྱང་ང་ལ་མ་བྱས། ང་ཚོའི་འཐབ་རྩོད་འདི་ཞི་བའི་འཐབ་རྩོད་ཅིག་ཡིན་པས་ང་ལ་ཟུངས་ཁྲག་འབུལ་རྒྱུའི་རེ་སྐུལ་ཡང་མ་བྱས། ཡིན་ན་ཡང་། བོད་ཀྱི་རང་དབང་འཐབ་རྩོད་ཀྱི་ཆེད་དུ་ཟླ་རེར་ངས་ཨ་སྒོར་____ཞལ་འདེབས་འབུལ་རྒྱུ་ཡིན། དེ་ནི་ང་རང་བོད་མི་ཞིག་ཡིན་པའི་དོད་དུ་ཕུལ་བ་ཡིན་པ་ལས། རང་ཉིད་ཚོར་བ་རྒྱས་ཐོག་ཏུ་ཁས་བླངས་བའི་ཞལ་འདེབས་ཙམ་མིན། ཞལ་འདེབས་འདི་ནི་ངས་རང་གི་འཚོ་བའི་འགྲོ་གྲོན་གྱི་ཆ་ཤས་སུ་བཅུག་སྟེ། བོད་ལ་རང་དབང་མ་ཐོབ་བར་དུ་མཚམས་མི་འཇོག་པའི་དམ་བཅའ་བརྟན་པོ་ཡོད།

མ་དངུལ་ཟུར་འཇོག་གི་ཁས་ལེན་བྱས་རྗེས་ང་ཚོས་གཤམ་གསལ་གྱི་བརྒྱུད་རིམ་གསུམ་པོ་དངོས་སུ་ལག་བསྟར་དགོས།

དངུལ་གྲངས་གཏན་འབེབས།: ཕུགས་རྒྱང་རིང་པོར་རྒྱུན་གཏོང་དགོས་པ་སེམས་ལ་བཟུང་ནས་རང་གིས་ཟླ་རེའི་ཡོང་འབབ་ལས་དངུལ་ཇི་ཙམ་ཞལ་འདེབས་འབུལ་ཐུབ་པའི་དངུལ་གྲངས་གཏན་འབེབས་བཟོ་རྒྱུ།

མ་དངུལ་ནར་གཏོང་།: རང་གིས་མ་དངུལ་གསོག་འཇོག་བྱ་སའི་དངུལ་བྱང་ངམ་ཞལ་འདེབས་འབུལ་ས་གཏན་འཁེལ་རྗེས་དངུལ་ཁང་གི་རང་འགུལ་ནར་གཏོང་གི་ཞབས་ཞུ་བརྒྱུད་ཟླ་རེ་བཞིན་དངོས་སུ་ཞལ་འདེབས་ནར་གཏོང་བྱ་རྒྱུ།

གཞན་ལ་བརྒྱུད་བསྒྲགས།: རང་གིས་ཅི་ཞིག་དམ་བཅས་པ་དེ་བོད་མི་གཞན་ལ་བརྒྱུད་བསྒྲགས་བྱས་ཚེ་དེས་རང་གི་དམ་ཆ་བརྟན་སྲུང་ཐུབ་པ་དང་བོད་མི་གཞན་ལ་སྐུལ་ལྕག་ཐེབས་པར་ཕན་ཐོགས་ཆེ།

རྒྱལ་གཅེས་དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་མདུན་ཐང་དུ་རང་གི་ཡོད་ཚད་བློས་གཏོང་གནང་བ་རེད། ང་ཚོས་ཁོང་གི་ཞབས་རྗེས་རྙེག་མ་ཐུབ་རུང་། ཁོང་གིས་སྤར་བའི་འཐབ་རྩོད་ཀྱི་མེ་ལྕེ་དེ་ནམ་ཡང་གཟིམ་དུ་མི་འཇུག་པར། བོད་མིའི་རང་དབང་འཐབ་རྩོད་ཡུན་གནས་རྒྱུན་སྐྱོང་དང་གསོན་ཤུགས་ལྷག་ཏུ་བསྐྲུན་ཆེད་དུ་འོས་འགན་ཡོད་ཚད་རང་སྟེང་དུ་ལེན་རྒྱུའི་དུས་ལ་བབས་ཡོད།

ད་ནི་རང་དབང་ལྡན་པའི་བོད་ཅིག་གི་དོན་དུ་རིན་འབབ་འཇལ་རྒྱུའི་དུས་ལ་བབས་ཡོད། ང་ཚོས་ཚེ་སྲོག་དང་ཟུངས་ཁྲག་གིས་རིན་འབབ་འཇལ་མི་དགོས་པར་དངུལ་གྱིས་རིན་འབབ་འཇལ་དགོས། རིན་འབབ་འདི་ནི་རང་དབང་དང་བྲལ་བའི་བོད་མི་ཞིག་ཏུ་སྐྱེས་པའི་དོད་དུ་བརྩི་ཆོག་ལ་བོད་དུ་རང་དབང་བསུ་བའི་རིན་འབབ་ཅིག་ཏུའང་བརྩི་ཆོག གུས་པ་རང་ཉིད་ཀྱིས་དཔའ་བོ་བློ་དགའ་རང་བཙན་གྱིས་བོད་དོན་དུ་རང་ལུས་མེར་སྲེག་གནང་བའི་ཟླ་བ་སྟེ། ཕྱི་ལོ་ ༢༠༢༦ ལོའི་ཟླ་བདུན་པ་ནས་བཟུང་བོད་མིའི་རང་དབང་འཐབ་རྩོད་ཆེད་ཟླ་རེར་ཨ་སྒོར་ ༡༠༠ འབུལ་རྒྱུའི་དམ་བཅའ་བཞག་ཟིན་པས། ཁྱེད་ཉིད་ཀྱང་ལས་འགུལ་འདིར་ཉམས་ཞུགས་གནང་རྒྱུའི་རེ་སྐུལ་སྙིང་དབུས་ནས་ཞུ།

No posts

Read the original on nomadchronicles.substack.com

Comments

Nothing yet. Say the first thing.

    Sign in to join the conversation.